ཞིང་ཨུའི་བླང་བྱ་དང་ཁུལ་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཁུལ་ཨུའི་སྐོར་ཞིབ་ཚོ་ཆུང་གཉིས་པས་2023ལོའི་ཟླ་7ཚེས་9ཉིན་ནས་ཟླ་9ཚེས་15ཉིན་བར། ཡུས་ཧྲུའུ་གྲོང་ཁྱེར་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ལ་ཆེད་དོན་རིམ་སྤར་སྐོར་ཞིབ་བྱ་རྒྱུ་ཡིན།
ཆབ་སྲིད་སྐོར་ཞིབ་ཇེ་ཟབ་ཏུ་གཏོང་ཞིང་ཆབ་སྲིད་ལྟ་ཞིབ་ཇེ་དྲག་ཏུ་འགྲོ་དགོས་པའི་བླང་བྱ་ལྟར། དེ་བཞིན་སྐོར་ཞིབ་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ལ་ཟུང་འབྲེལ་བྱས་པ་དང་། སྐོར་ཞིབ་བྱེད་ཡུལ་གྱི་ཏང་རྩ་འཛུགས་ཀྱི་འགན་འཁྲི་དང་འགན་ནུས་ལ་གཙོ་བོར་དམིགས་ནས། ཁུལ་ཨུ་སྐོར་ཞིབ་ཚོ་ཆུང་གཉིས་པ་ཡིས་ཡུས་ཧྲུའུ་གྲོང་ཁྱེར་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱིས་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་སྲིད་ཇུས། དེ་བཞིན་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་། ཞིང་ཨུ་ཁུལ་ཨུའི་ལས་དོན་བླང་བྱའི་གནས་ཚུལ་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ་ལ་གཙོ་གནད་ཐོག་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་རྒྱུ། སྐོར་ཞིབ་དང་རྩིས་བཤེར་གསར་རྙེད་གྱི་གནད་དོན་དག་ཐེར་ཡོ་བསྲང་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་རྒྱུ་ཡིན།
སྤྱི་པའི་འཕྲོད་བསྟེན་དང་གཞི་རྩའི་སྨན་བཅོས་སོགས་ཀྱི་འགན་འཁྲི་ལག་བསྟར་བྱས་ཚུལ་ལ་གཙོ་དམིགས་བྱས་ཏེ། རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་རྣམ་གྲངས་ནན་ཏན་ངང་སྒྲིག་འཛུགས་དང་དོན་འཁྱོལ་བྱས་ཡོད་མེད་ལ་གཙོ་གནད་ཐོག་རྒྱུས་ལོན་བྱ་རྒྱུ་དང་། བདེ་ཐང་ཡིག་ཚགས་དང་གཟུགས་པོར་བརྟག་དཔྱད་རྣམ་གྲངས་རྫུན་ཞུ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་མ་དངུལ་གཡོ་ལེན་དང་ལྐོག་བགོས་བྱེད་པའམ་ཡང་ན་མ་དངུལ་བཀག་ཉར་དང་། འཕྲི་འཐེན། གཞན་སྤྱོད་སོགས་ཀྱི་གནད་དོན་ཡོད་མིན་ལ་བལྟ་རྒྱུ། གཞི་རིམ་མང་ཚོགས་ཀྱི་མ་མཐའི་སྨན་བཅོས་དགོས་མཁོ་སྐོང་ཐབས་བྲལ་བའི་གནས་ཚུལ་ཡོད་མེད་དང་། གཞི་རིམ་དུ་ཐོག་མའི་ནད་དཔྱད་དང་ཕྱོགས་གཉིས་དབར་གྱི་གཞན་སྒྱུར་སྨན་བཅོས་ལམ་ལུགས་དོན་ཐོག་ཏུ་འཁྱོལ་མེད་པ་དང་། རིམ་དབྱེའི་སྨན་བཅོས་རྩིས་ཞུའི་སྲིད་ཇུས་ལག་བསྟར་ནན་པོ་མ་བྱུང་བ། མང་ཚོགས་ཀྱི་སྨན་བཅོས་འགྲོ་གྲོན་མཐོ་བ། མང་ཚོགས་ཀྱི་ཁུར་པོ་ལྕི་རུ་བཏང་བ་སོགས་ཀྱི་གནད་དོན་ལྷག་ཡོད་མེད་བལྟ་རྒྱུ། འབྲེལ་ཡོད་བླང་བྱ་ལ་མཛུབ་ཁྲིད་དང་དོ་དམ་བྱེད་པའི་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་དུ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཞབས་ཞུའི་ལས་དོན་སྤེལ་ཡོད་མེད། འགལ་སྤྱོད་དང་དལ་སྤྱོད། རྣམ་འགྱུར་ངན་པ་སྟོན་པ་དང་རང་སྣང་གང་ཤར་བྱེད་པ། ཁྲལ་སེལ་སླ་བཅོས་བྱེད་པ་སོགས་ཀྱི་ཚུལ་མིན་སྤྱོད་ཚུལ་གནས་ཡོད་མེད་ལ་བལྟ་རྒྱུ་རེད།
སྐོར་ཞིབ་ལས་དོན་སྲོལ་ཡིག་གི་གཏན་འབེབས་ལྟར། ཁུལ་ཨུ་སྐོར་ཞིབ་ཚོ་ཆུང་གཉིས་པ་ཡིས་གཙོ་བོ་ཡུས་ཧྲུའུ་གྲོང་ཁྱེར་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི། ལས་གནས་གལ་ཆེན་གྱི་འགོ་ཁྲིད་ལས་བྱེད་པའི་གནད་དོན་མཚོན་པའི་ཡི་གེ་དང་། ཁ་པར། ངོ་བཅར་བཅས་བདག་སྤྲོད་བྱས་པ་དང་། གཙོ་བོ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སོགས་ཐད་ཀྱི་ཐེར་འདོན་དང་ཞུ་གཏུག་བཅས་ཡིན། ཐེངས་འདིའི་སྐོར་ཞིབ་ཁྱབ་ཁོངས་སུ་ཚུད་མེད་པའི་ངོ་བཅར་གནད་དོན་གཞན་དག་གཏན་འབེབས་ལྟར། ཡུས་ཧྲུའུ་ཁུལ་ཨུ་དང་ཁུལ་སྒྲིག་ཁྲིམས་ཨུ་ལྷན། ལྟ་ཞིབ་ཨུ་ལྷན། ཁུལ་ཨུ་རྩ་འཛུགས་པུའུ་བཅས་འབྲེལ་ཡོད་ལས་ཁུངས་ལ་བརྒྱུད་སྤྲོད་བྱས་ནས་ཐག་གཅོད་གང་ལེགས་བྱ་རྒྱུ་རེད།
ཁུལ་ཨུ་སྐོར་ཞིབ་ཚོ་ཆུང་གཉིས་པའི་གཞུང་དོན་སྒྲུབ་ས་དེ་ཡུས་ཧྲུའུ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་གི་ཁང་ཐོག་གསུམ་པ་ལ་བཙུགས་ཡོད་ཅིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་ཆེད་མངགས་ཐུན་བསྡད་ཁ་པར13909762121དང་། ཡང་ན་ཡིག་སྒམ་396034611@qq.com བརྒྱུད་ནས་གནད་དོན་ཡར་ཞུ་བྱེད་ཆོག། ཁུལ་ཨུའི་སྐོར་ཞིབ་ཚོགས་ཆུང་གཉིས་པའི་ལས་ཞག་བདག་སྤྲོད་བྱེད་པའི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད་9པ་ནས་12བར་དང་། ཕྱི་དྲོའི་ཆུ་ཚོད་3པ་ནས་6པ་བར་ཡིན་པ་དང་། ཡིག་བསྐུར་ངོ་བཅར་གྱི་དུས་ཚོད་དེ་2023ལོའི་ཟླ་9ཚེས་15བར་ཡིན།
མཆན། ཐེར་འདོན་དང་ཞུ་གཏུག་བྱེད་ཡུལ་གྱི་ཚན་ཁག་དང་མི་སྣའི་མིང་དང་། གོ་གནས་སོགས་གཞི་རྩའི་གྲུབ་ཆ་ཁ་གསལ་འགོད་དགོས།
ཆེད་དུ་བསྒྲགས་པའོ། །
ཀྲུང་གུང་ཡུས་ཧྲུའུ་ཁུལ་ཨུ་སྐོར་ཞིབ་ཚོ་ཆུང་གཉིས་པ།
2023ལོའི་ཟླ་7ཚེས་9ཉིན།